བོད་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་གི་གྲོང་སྡེ་ཁག་ཅིག་ཏུ་སེར་བ་དང་དྲག་ཆར་བབས་པའི་རྐྱེན་གྱིས་ཆུ་ལོག་བརྒྱུགས་ཏེ་ཉུང་མཐར་མི་ ༦ རྐྱེན་འདས་དང་ནོར་ལུག་མང་པོ་འཆི་སྐྱོན་བྱུང་ཡོད་འདུག
འདས་བའི་ཉིན་ཤས་ནང་བོད་མཚོ་སྔོན་ཞིང་ཆེན་གྱི་མཚོ་ལྷོ་ཁུལ་དང་། རྨ་ལྷོ་ཁུལ། མཚོ་བྱང་ཁུལ། མཚོ་ཤར་སོགས་ཀྱི་ས་ཁུལ་ཁག་ཏུ་སེར་བ་དང་དྲག་ཆར་ཤུགས་ཆེན་འབབ་བཞིན་ཡོད་པ་ལྟར། ཕྱི་ཟླ་ ༩ ཚེས་ ༢ ཉིན་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་གི་སྤྲེལ་ནག་དང་རྟ་ནག་མ། རྨ་ལྷོ་ཁུལ་རྩེ་ཁོག་རྫོང་གི་སྟོབས་ལྡན་སོགས་སུ་སེར་བ་དང་དྲག་ཆར་གྱི་རྐྱེན་གྱིས་ཆུ་ལོག་བརྒྱུགས་ཏེ་མི་རྒྱུ་གཉིས་ཀར་གནོད་འཚེ་ཚབས་ཆེན་ཐེབས་ཡོད་པ་མ་ཟད། ཟི་ལིང་དང་ཉེ་འགྲམ་རྫོང་ཁག་ནང་གི་གཞུང་ལམ་ལ་གནོད་སྐྱོན་ཐེབས་ཡོད་པས་འགྲིམ་འགྲུལ་སོགས་མཚམས་འཇོག་བྱས་ཡོད་འདུག
འདི་ག་བོད་ཀྱི་དུས་བབ་གསར་ཁང་ལ་འབྲེལ་ཡོད་བོད་མི་ཞིག་གིས། ཐེངས་འདིའི་དྲག་ཆར་གྱི་རྐྱེན་གྱིས་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་སྤྲེལ་ནག་གྲོང་བརྡལ་ཕྱོགས་སུ་གནོད་འཚེ་ཆེན་པོ་ཐེབས་ཡོད་པ་མ་ཟད། ཉུང་མཐར་མི་ ༦ རྐྱེན་འདས་དང་། ནོར་ལུག་མང་པོར་འཆི་སྐྱོན་བྱུང་ཡོད་འདུག དེ་བཞིན་ཉེ་འགྲམ་གྱི་རྫོང་ཁག་ནང་དུ་ཆུ་ལོག་བརྒྱུགས་ཏེ་གནོད་འཚེ་ཐེབས་ཡོད་འདུག ཅེས་འགྲེལ་བརྗོད་གནང་བྱུང་།
དེ་རིང་ཕྱི་ཚེས་ ༤ ཉིན་མཚོ་སྔོན་ཞིང་ཆེན་མདའ་བཞི་རྫོང་འགྲིམ་འགྲུལ་ཉེན་རྟོག་ཁང་གི་གནས་ཚུལ་ཞིག་སྤེལ་བའི་ནང་། ཆར་བ་ཤུགས་ཆེན་བབས་པའི་རྐྱེན་གྱིས་སྟོང་སྐོར་ནས་ནུབ་མཚོ་བར་གྱི་སྤྱི་ལེ་ ༢༤ ཡི་གཞུང་ལམ་བཀག་སྡོམ་བྱས་ཡོད་འདུག ཟླ་འདིའི་ཕྱི་ཚེས་ ༣ ཉིན་མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་གནམ་གཤིས་ལས་ཁུངས་ཀྱིས་གནས་ཚུལ་སྤེལ་བའི་ནང་། ཟླ་འདིའི་ཕྱི་ཚེས་ ༣ ཉིན་གྱི་དགོང་མོ་ནས་ཕྱི་ཚེས་ ༤ བར་མཚོ་བྱང་ཁུལ་གྱི་མདའ་བཞི་དང་། འཇུ་ལག མདོ་ལ། རྐང་ཚ་བཅས་ལ་སེར་བ་དང་དྲག་ཆར་རྐྱེན་གྱིས་ཆུ་ལོག་དང་། རི་ཉིལ། འདམ་རུད་སོགས་ཀྱི་གནོད་འཚེ་འབྱུང་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་འདུག
དེ་བཞིན་མཚོ་སྔོན་ཞིང་ཆེན་གནམ་གཤིས་ལས་ཁུངས་ཀྱིས། ཟླ་འདིའི་ཚེས་ ༣ ཉིན་གྱི་དགོང་དྲོའི་ཆུ་ཚོད་ ༨ ནས་ཕྱི་ཚེས་ ༤ ཉིན་གྱི་དགོང་དྲོའི་ཆུ་ཚོད་ ༨ བར་ཟི་ལིང་དང་། མཚོ་ཤར་དང་མཚོ་ནུབ་ཤར་ཕྱོགས། མཚོ་ལྷོ། མཚོ་བྱང་། རྨ་ལྷོ་བྱང་རྒྱུད། ཡུལ་ཤུལ་གྱི་ས་ཆ་མང་ཆེ་བ། མགོ་ལོག་གི་དབུས་བྱང་རྒྱུད་བཅས་སུ་ཆར་བ་ཆེན་པོ་ནས་དྲག་ཆར་ཆེན་པོ་འབབ་རྒྱུ་དང་། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ཏུ་ཆར་བ་འབྲིང་ཙམ་འབབ་རྒྱུ། ཕྱི་ཚེས་ ༤ ནས་ ༥ ཉིན་གྱི་དགོང་མོའི་ཆུ་ཚོད་ ༨ བར་ཞིང་ཆེན་ཡོངས་ཀྱི་ས་ཆ་མང་ཆེ་བར་ཆར་བ་ཉུང་ཉུང་ནས་འབྲིང་ཙམ་འབབ་རྒྱུ་ཡིན་ལུགས་བཤད་འདུག
ཡང་ཕྱི་ལོ་ ༢༠༢༢ ཟླ་ ༨ ཚེས་ ༡༦ ཉིན་མཚོ་སྔོན་ཞིང་ཆེན་གསེར་ཁོག་རྫོང་ཁོངས་སུ་གློ་བུར་དུ་ཆུ་ལོག་གནོད་སྐྱོན་བྱུང་སྟེ་ཉུང་མཐར་མི་གྲངས་ ༡༧ རྐྱེན་འདས་དང་མི་ ༣༧ ལྷག་གར་སོང་ཆ་མེད་དུ་གྱུར་ཡོད་འདུག ལོ་དེའི་ ཟླ་ ༨ ཚེས་ ༢༣ བོད་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མང་རྫོང་དུ་སེར་བ་དང་དྲག་ཆར་བབས་ནས་ཆུ་ལོག་བརྒྱུགས་ཏེ། མང་རྫོང་གོང་བ་སྡེ་བ་དང་རུ་མང་སྡེ་བའི་དབྱར་ས་སྤེན་ཆེན་དང་སྤེན་ཆུང་ཞེས་པའི་ལུང་པ་གཉིས་ནང་ཡོད་པའི་འབྲོག་ཁྱིམ་ཁག་ནས་ཉུང་མཐར་ནོར་ལུག་ ༢༠༠༠ ལྷག་ལ་འཆི་སྐྱོན་བྱུང་ཡོད་པ་མ་ཟད། གོང་བ་སྡེ་བའི་སྐྱེས་པ་ ༢ དང་བུད་མེད་ ༣ བཅས་མི་ ༥ ཆུ་ལོག་དང་སེར་བས་གནོད་སྐྱོན་ཁྲོད་རྐྱེན་འདས་སུ་ཕྱིན་ཡོད།