March 19, 2025
14 mins read

ཨ་རིའི་རླུང་འཕྲིན་ཁང་གཉིས་སྒོ་བརྒྱབ་པར་བློ་ཕམ་ཡོད།

ཉེ་ལམ་ཨ་རིའི་གཞུང་འཛིན་གསར་བས། ཨ་རིའི་རླུང་འཕྲིན་ཁང་དང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གཉིས་ཀྱི་འགྲོ་གྲོན་མཚམས་འཇོག་བྱས་ཏེ། གསར་ཁང་གཉིས་ཀྱི་ལས་མཚམས་བཞག་པ་ནི་ཡིད་སྐྱོ་ཞིང་བློ་ཕམ་དགོས་པའི་གནས་སྟངས་ཤིག་ཆགས་ཡོད་སྟབས། བོད་ཀྱི་གསར་འགོད་མཐུན་ཚོགས་ཀྱིས་ཨ་རིའི་རླུང་འཕྲིན་ཁང་གཉིས་ཀྱི་འགོ་ལས་ཡོངས་ལ་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་དང་སྦྲགས། ཨ་རིའི་གཞུང་འཛིན་གསར་བས་ཨ་རིའི་རླུང་འཕྲིན་ཁང་དང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གཉིས་ཀྱི་གསར་འགོད་རང་དབང་གི་ལས་དོན་རྣམས་འཕྲལ་དུ་གཉེར་ཆོག་པར་སྔར་རྒྱུན་བཞིན་མཐུན་འགྱུར་བཀའ་འཁྲོལ་སྦྱོར་སྤྲོད་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན།

འཛམ་གླིང་ནང་དམངས་གཙོ་དང་རང་དབང་། དྲང་བདེན། འགྲོ་བ་མིའི་ཐོབ་ཐང་། སྨྲ་བརྗོད་རང་དབང་དང་གསར་འགོད་རང་དབང་སོགས་ལ་རྡོག་རོལ་གཏོང་མཁན་གྱི་དམར་ཤོག་གཞུང་དང་སྲིད་དབང་སྒེར་གཅོད་པ་དག་གིས། གང་ན་རང་དབང་དང་དམངས་གཙོ། གསར་འགོད་རང་དབང་ཡོད་ཚེ། དེ་ལ་སྐྱུག་བྲོ་བའི་གདུང་ལེན་དང་ཁ་གཏད་གཅོག་ཐབས་ཀྱི་སྦྱོར་བ་སྣ་ཚོགས་ཤིག་རྩོམ་མུས་ཡིན་ཁར། འདས་པའི་ལོ་ངོ་བཅུ་ཕྲག་མང་པོའི་རིང་རྒྱ་ནག་གཞུང་གིས་བོད་པའི་སྤྱི་ཚོགས་སྤྱི་དང་བྱེ་བྲག་ཏུ་ཨ་རིའི་རླུང་འཕྲིན་ཁང་དང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གཉིས་ལ་དངོས་ཤུགས་བརྒྱུད་གསུམ་གྱི་ཐོག་ནས་གནོན་ཤུགས་སྤྲད་དེ། རླུང་འཕྲིན་ཁང་དེ་གཉིས་ཀྱི་གསར་འགོད་རང་དབང་འགོག་ཐབས་བྱས་ཡོད་ལ། ཉེ་ལམ་ཡང་རླུང་འཕྲིན་ཁང་དེ་གཉིས་སྒོ་རྒྱག་རྒྱུ་ཡིན་པའི་གནས་ཚུལ་བྱུང་མ་ཐག་ཏུ་རྒྱ་ནག་དམར་ཤོག་ཚོགས་པའི་མགྲིན་ཚབ་ལྟ་བུའི་གཞུང་འབྲེལ་བརྒྱུད་ལམ་ཁག་གིས་ཨ་རིའི་ཐག་གཅོད་དེར་དགའ་བསུ་བྱས་པ་དང་ལྷན་དུ། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་དང་ཨ་རིའི་རླུང་འཕྲིན་ཁང་གཉིས་ཀྱི་འདས་པའི་བྱས་རྗེས་མང་པོ་ཞིག་ལ་འགྲེལ་ལོག་བརྒྱབ་སྟེ་གང་ཐུབ་ཀྱིས་ནག་བསུབ་གཏོང་ཐབས་བྱས་ཡོད།

ཕྱི་ལོ་ ༡༩༩༠ ནང་ཨ་རིའི་རླུང་འཕྲིན་ཁང་དང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གསར་འཛུགས་བྱས་པ་ནས། རླུང་འཕྲིན་ཁང་འདི་གཉིས་ཀྱིས་རྒྱ་ནག་གཞུང་གི་དྲག་གནོན་འོག་གནས་པའི་བོད་མི་ཚོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་ཚེ་མཛད་འཕྲིན་གྱི་དབུས་པའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཇུས་དང་ཕྱག་ལས་གནང་ཕྱོགས། བཙན་བྱོལ་བོད་མིའི་གནས་སྟངས། ད་དུང་འཛམ་གླིང་གི་ཆབ་དཔལ་རིག་གསུམ་གྱི་འགྱུར་ལྡོག་སོགས་དུས་ནས་དུས་སུ་རྒྱང་སྲིང་གནང་ཐུབ་ཡོད་པ་མ་ཟད། འཛམ་གླིང་ནང་ཆེས་དམ་དྲག་ཆེ་བའི་རྒྱ་ནག་གི་སྡུག་སྦྱོང་དྲག་པོའི་སྲིད་ཇུས་འོག དམྱལ་བ་མི་ཡུལ་དུ་ལྷུང་བ་ལྟ་བུའི་བོད་ནང་གི་མི་མང་པོའི་དངོས་ཡོད་གནས་ཚུལ་རྒྱལ་སྤྱིའི་སྟེང་འགྲེམས་སྤེལ་བྱེད་ཐུབ་ཡོད།

ལྷག་པར་དུ་བོད་མི་རིགས་ཤི་གསོན་གྱི་འགག་རྩ་སྟེ། རླུང་འཕྲིན་ཁང་འདི་གཉིས་ཀྱིས་བོད་སྐད་བོད་ཡིག་གཙང་མའི་ཐོག་ནས་བོད་ཀྱི་རིག་གཞུང་དང་ལོ་རྒྱུས། རྩོམ་རིག་དང་འབྲེལ་བའི་དཔྱད་གླེང་དང་ཉིན་རེའི་གསར་འགྱུར་སོགས་རྒྱུན་ཆད་མེད་པར་རྒྱང་སྲིང་ཞུས་ཏེ། བོད་ཀྱི་སྐད་ཡིག་རིག་གཞུང་སྲུང་སྐྱོབ་དང་ཉར་ཚགས་ཀྱི་ཕྱག་ལས་རླབས་ཆེན་གནང་ཡོད། དེར་བརྟེན། ཨ་རིས་རླུང་འཕྲིན་ཁང་འདི་གཉིས་ཀྱི་ལས་མཚམས་བཞག་པ་ནི། བོད་ཀྱི་གསར་འགོད་མཐུན་ཚོགས་ལ་མཚོན་ན་ཧ་ཅང་བློ་འགྱོད་སྐྱེ་ཡུལ་ཞིག་ཏུ་གྱུར་ཡོད་ལ། དམིགས་བསལ་བོད་མིའི་མང་གཙོའི་སྤྱི་ཚོགས་ཀྱི་ཀ་ཆེན་གཉིས་ས་ལ་འགྱེལ་བ་ཡིན་པས། བོད་མི་ཚང་མས་འཕྱར་བ་གྲུ་འདེགས་བྱས་ཏེ་འབྲེལ་ཡོད་ཨ་རིའི་མགོ་ཁྲིད་ཚོར་རླུང་འཕྲིན་ཁང་འདི་གཉིས་སླར་གསོ་ཡོང་ཐབས་ཀྱི་ཞུ་སྐུལ་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན།

གང་ན་མང་གཙོ་ཡོད་ན། དེ་ན་གསར་འགོད་རང་དབང་ཡོད་ལ། གསར་འགོད་རང་དབང་ཡོད་པའི་མང་གཙོའི་སྤྱི་ཚོགས་ནི་མང་གཙོའི་སྤྱི་ཚོགས་ཚད་མཐོ་ཤོས་དེ་ཡིན་པར་ངོས་འཛིན་ཞུ་ཆོག་པས། བོད་ཀྱི་གསར་འགོད་མཐུན་ཚོགས་ཀྱིས་འཛམ་གླིང་ཡུལ་གྲུ་གང་སར་བཞུགས་པའི་རྒྱལ་སྤྱིའི་གསར་འགོད་མཐུན་ཚོགས་ཀྱི་སྒྲིག་འཛུགས་ཁག་དང་། རྒྱལ་ཁབ་སོ་སོའི་གསར་འགོད་པ་རྣམ་པ། དམིགས་བསལ་ཨ་རིའི་ནང་བཞུགས་པའི་གསར་འགོད་པ་ཚོས། ཨ་རིའི་རླུང་འཕྲིན་ཁང་འདི་གཉིས་ཀྱི་ལས་དོན་མུ་མཐུད་གཉེར་ཐུབ་ཐབས་སུ་ཨ་རིའི་གཞུང་ལ་འབོད་སྐུལ་གནང་བའི་རེ་བ་ཞུ་རྒྱུ་ཡིན། གསར་འགྱུར་ལས་རིགས་ནི་ང་ཚོ་ཐུན་མོང་གི་ཆེད་ལས་ཤིག་དང་ལྷག་པར་མང་གཙོའི་སྤྱི་ཚོགས་ཀྱི་གྲུབ་ཆ་མེད་དུ་མི་རུང་བ་ཞིག་ཡིན་པ་སྨྲོས་མི་དགོས་པས། ཇི་ཙམ་དམངས་གཙོ་དང་རང་དབང་། དྲང་བདེན། འདྲ་མཉམ་སོགས་གནས་དགོས་ན། དེ་ཙམ་གྱིས་གསར་འགོད་རང་དབང་གནས་དགོས་པའི་གནས་ལུགས་ནི་ཐུགས་ཡངས་ཚང་མས་མཁྱེན་གསལ་ཡིན།

མཐར། ཨ་རིའི་གཞུང་འཛིན་གསར་བས་རླུང་འཕྲིན་ཁང་འདི་གཉིས་ཀྱི་གཟེངས་སུ་ཐོན་པའི་ཕྱག་ལས་མུ་མཐུད་གཉེར་ཆོག་པའི་ཐག་གཅོད་གང་མགྱོགས་ལེན་རོགས་ཞེས་ཞུ་རྒྱུ་ཡིན།

Leave a Reply

Your email address will not be published.

Previous Story

The Closure of Two US Radio Stations is disappointing

Next Story

གསར་འགྱུར་ལས་ཁང་ཁག་དང་གསར་འགོད་པར་གསལ་བསྒྲགས།

Latest from Blog

གསར་འགྱུར་ལས་ཁང་ཁག་དང་གསར་འགོད་པར་གསལ་བསྒྲགས།

འདི་ག་རྡ་ས་ས་གནས་གཞོན་ནུ་ལྷན་ཚོགས་ནས་ཁ་སྔོན་ཚེས་ ༡༩ ཉིན་རྒྱ་ནག་གི་སྒྱུ་རྩལ་བ་ཚའི་གོ་ཆང་ (Cai Guo-qiang) ཡིས་ཁེ་ན་ཀྲའི་གྱོན་ཆས་བཟོ་ཚོང་ཁང(Arc'teryx )དང་མཉམ་འབྲེལ་ཐོག་རྒྱ་ནག་གི་བཙན་བཟུང་འོག་ཏུ་གནས་པའི་བོད་ཀྱི་ས་གནས་གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་ར་ལུང་གྲོང་སྡེའི་ཁུལ་དུ་ཤོག་སྦག་བརྒྱ་ཕྲག་མང་པོ་སྤར་ཏེ་སྒྱུ་རྩལ་འགྲེམས་སྟོན་གྱི་མིང་ཐོག་ནས་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་རྩིས་མེད་རྡོག་རོལ་གཏོང་བའི་བྱ་སྤྱོད་ལ་མཐའ་གཅིག་ངོ་རྒོལ་ཡོད་པའི་བསྒྲགས་གཏམ་ལས་འགུལ་ཞིག་སང་ཉིན་ཚེས་ ༢༤ རེས་གཟའ་ལྷག་པའི་སྔ་དྲོའི་ཆུ་ཚོད་ ༡ ༡:༠༠ ཐོག་གཙུག་ལག་ཁང་གི་རྒྱལ་གཅེས་དཔའ་བོ་དཔའ་མོའི་དྲན་བརྟེན་རྡོ་རིང་མདུན་དུ་སྤེལ་རྒྱུར་ལགས་ན་དེ་དོན་ཕེབས་གནང་ཡོང་བ་ཞུའོ།

རྡང་ཆུ་གཙང་པོའི་ཁོར་ཡུག་གཏོར་སྐྱོན་ཐད་སེམས་ཚབས་ཆེན་པོས་ཞུ་སྐུལ་བྱེད་མཁན་མཚོ་སྔོན་ཚེ་རིང་ལགས་སུ་འདྲི་རྩད་རྗེས་རང་ཁྱིམ་དུ་བཏང་འདུག

ཕྱི་ཚེས་ ༢༢་ཉིན་འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་འདིའི་ཚེས་ ༡༨ ཉིན་ཁྱུང་མཆུ་རྫོང་འབྲེལ་ཡོད་མི་སྣས། རྡང་ཆུ་གཙང་པོའི་ཁོར་ཡུག་གཏོར་སྐྱོན་ཐད་སེམས་ཚབས་ཆེན་པོས་ཞུ་སྐུལ་བྱེད་མཁན་མཚོ་སྔོན་ཚེ་རིང་ལགས། ས་གནས་སྲིད་གཞུང་དུ་སྡེ་བའི་མི་སྣ་ཆེ་གྲས་ཁག་དང་ལྷན་འབོད་འགུག་གིས། མཚོ་སྔོན་ཚེ་རིང་ལགས་ཀྱི་ཞུ་སྐུལ་དང་འབྲེལ་བའི་བསམ་ཚུལ་ལ་ཉན་ཞིབ་རྗེས། མཚོ་སྔོན་ཚེ་རིང་ལགས་འཛིན་བཟུང་དང་ངན་བྱུས་རིགས་གང་ཡང་མེད་པར་ཕྱིར་རང་ཁྱིམ་དུ་བཏང་ཡོད་པ་དང་།
Go toTop